དང་པོ། སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་མཚན་ཐོག་མར་ཐོས་པའི་སྐོར།

ཁོ་བོའི་མིང་ལ་རྡོ་རྗེ་དབང་ཕྱུག་ཅེས་ཟེར། གྲུབ་པའི་དབང་ཕྱུག་རྟོགས་ལྡན་ཤཱ་ཀྱ་ཤྲཱིའི་དངོས་སློབ་བླ་མ་བསོད་ནམས་བཟང་པོའམ་གཅེས་མཚན་དུ་མེས་མེས་བླ་མ་ཞེས་གྲགས་པས་གནང་བའི་མིང་ཡིན། རྗེས་སུ་རབ་ཏུ་བྱུང་བའི་མིང་ལ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་ཟེར། འདི་ནི་ཉེ་བའི་རིགས་བདག་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེས་གནང་བའི་བཏགས་མིང་ཡིན། བསྙེན་པར་རྫོགས་པའི་མིང་ཡང་དགེ་ཚུལ་གྱི་མིང་སོར་བཞག་མཛད། ཁོ་བོས་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་ཞེས་པའི་མིང་འདི་གཏན་འཇགས་ཀྱི་མིང་དུ་བསྒྱུར་ཐབས་བྱས་ཀྱང་རྡོ་རྗེ་དབང་ཕྱུག་ཅེས་པ་རང་ཁྱབ་བརྡལ་དུ་སོང་ནས་ཤར་ནུབ་གཉིས་ཀའི་ཡིག་ཆ་རྣམས་སུ་རྡོ་རྗེ་དབང་ཕྱུག་ཅེས་གྲགས་པ་བྱུང་། ཁོ་བོའི་ཨ་ཕ་ནི་མཚེ་མ་ཡིན་པས་ཨ་ཕའི་སྤུན་མཆེད་ཀྱི་བུ་ཕལ་ཆེར་ལོ་གྲངས་མཉམ་པ་ལ་ཡང་རྡོ་རྗེ་དབང་ཕྱུག་ཅེས་བཏགས། ཆུང་ངུའི་དུས་སུ་སློབ་གྲྭར་རྡོ་རྗེ་དབང་ཕྱུག་ཀ་དང་རྡོ་རྗེ་དབང་ཕྱུག་ཁ་ཞེས་ཤན་འབྱེད་བྱས་དགོས་བྱུང་། ཁོ་བོའི་ཨ་ཕའི་མཚན་ལ་ཟླ་བ་ཚེ་རིང་ཞེས་དང་ཁོང་གི་མཚེ་མར་གྱུར་པའི་སྤུན་མཆེད་ལ་ཉི་མ་ཚེ་རིང་ཞེས་བཏགས། འབྲུག་ཡུལ་ལ་མཚེ་མ་གཉིས་ལ་ཉི་མ་དང་ཟླ་བ་ཞེས་སམ་ལོ་བརྒྱ་དང་སྟོན་བརྒྱ་ཞེས་འདོགས་སྲོལ་ཡོད་པ་ཡིན། ཁོ་བོའི་ཨ་ཕ་ནི་མཚེ་མ་གཉིས་ལས་སྐར་མ་འགའ་ཤས་ཀྱིས་གཞོན་པའི་ཐ་ཆུང་ཡིན་པས་ཟླ་བ་ཚེ་རིང་ཞེས་བཏགས། ཀུར་སྟོད་བྱང་ཆུབ་གླིང་གི་དབུ་མཛད་ཡིན་པས་སློབ་དཔོན་དབུ་མཛད་ཅེས་གྲགས། གཉེན་ཉེ་འབྲེལ་རྣམས་ཀྱིས་ནི་ཨ་ཏ་དབུ་མཛད་ཅེས་འབོད། ཨ་ཏ་ནི་ཡུལ་སྐད་དུ་ཇོ་ཇོ་དང་གཅེན་པོ་ཞེས་པའི་དོན་ནོ། །ཁོང་གིས་དེ་དུས་ཀྱི་རྙིང་མ་དང་བཀའ་བརྒྱུད་བླ་མ་དུ་མའི་ཞབས་ལ་གཏུགས། དཔེར་ན་ཁོ་བོ་བྱིས་པ་ལོ་གཅིག་མ་སོང་བའི་སྔོན་ལ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། ཀརྨ་པ་མཆོག་དང་། ཀ་ལུ་རིན་པོ་ཆེ་སོགས་མཇལ་ཀ་བཅར་ཚུལ་ཡོད་པར་བཤད།  གཙོ་བོར་བླ་མ་བསོད་ནམས་བཟང་པོས་ཤིན་ཏུ་ཐུགས་བརྩེ་བས་རྗེས་སུ་བཟུང་། ཁོང་གི་ཡབ་དང་ཁོ་བོའི་མེས་པོ་ནི་བླ་མ་བསོད་ནམས་སྟོབས་རྒྱས་ཡིན་ཞིང་རྟོགས་ལྡན་ཤཱ་ཀྱ་ཤྲཱིའི་དངོས་སློབ་ཞིག་དང་མེས་མེས་བླ་མའི་ཆོས་གྲོགས་ཤིག་ཏེ། རྐང་པར་བླ་མེད་དགོན་པའི་བསྟན་པའི་བདག་པོ་བླ་མ་སྨོན་ལམ་རབ་བཟང་ཞིང་གཤེགས་པའི་རྗེས་སུ་བླ་མེད་དགོན་པའི་བླ་མ་མཛད། ཁོ་བོའི་ཨ་མའི་མིང་ལ་གཡང་སྒྲོན་ཟེར། ཨ་མའི་ཡབ་ནི་བླ་མ་སྨོན་ལམ་རབ་བཟང་གི་སློབ་མ་ཡིན་མོད། འོན་ཀྱང་བླ་མ་ཐུགས་དམ་པས་བཀའ་ཆོས་གདམས་ངག་སོགས་ནི་གང་ཡང་གནང་མེད་པར་བཤད། ཕྱིས་སུ་བླ་མ་བསོད་ནམས་སྟོབས་རྒྱས་ལས་དབང་ལུང་མན་ངག་གསན། ཁོང་ལ་སྲས་མོ་ལྔ་དང་སྲས་གཉིས་ཏེ་བདུན་ཡོད་པ་ལས་སྲས་མོ་ལྔ་ཀ་བླ་མའི་སྐུ་ཟླར་གྱུར་ནས་གཉེན་གྱི་འབྲེལ་བ་ཆགས། སྲས་མོ་གཉིས་པ་ནི་གཡང་སྒྲོན་ཏེ་ཁོ་བོའི་མ་ཡུམ་མོ། །ཕྱིས་སུ་བླ་མ་བསོད་ནམས་སྟོབས་རྒྱས་ཆོས་དང་འཇིག་རྟེན་གཉིས་ཀའི་ངོས་ནས་ཕུན་སུམ་ཚོགས་པར་གྱུར་པ་ན་ཡུལ་མི་འགའ་ཡིས་ཁོང་གི་དཔལ་ལ་མ་བཟོད་ནས་མ་ཉེས་ཁ་གཡོགས་ཀྱིས་དཀྲུགས་ནས་དབང་འདུས་ཕོ་བྲང་ངམ་བསྟན་བཅོས་གླིང་དུ་བཙན་དུ་ཚུད། བཙོན་དུ་ལོ་ཇི་ཙམ་བཞུགས་ཡོད་མེད་མ་ངེས། བཟའ་ཚང་ནང་མི་དང་དཔལ་འབྱོར་ཀྱི་གཞི་ཀུན་ཁ་འཐོར་དུ་སོང་། དེའི་དུས་སུ་བླ་མའི་གཉེན་འབྲེལ་སྔ་མ་ལས་མཆེད་པའི་སྲས་ཟླ་བ་དང་ཁོང་གི་སྐུ་ཟླ་གཡང་སྒྲོན་གཉེན་གྱི་འབྲེལ་བ་ཆགས་ནས། འཇིག་རྟེན་མཐུན་འཇུག་གི་རྣམ་གཞག་དང་རྣམ་པ་ཀུན་ཏུ་འགལ་བའི་རྐྱེན་གྱིས་ཉེས་ཁྲིམས་ཕོག་ནས་ཁོ་བོའི་ཡབ་ཡུམ་གཉིས་ཉེས་ཆད་ཚད་མེད་ཕོག་ནས་བཏབ་དགོས་བྱུང་། དཀའ་ཚེགས་ཚད་མེད་པར་མྱོང་ཚུལ་ཁོ་བོའི་ཨ་མ་ལས་རྒྱས་པར་ཐོས། དེ་ནས་བཟུང་ནས་ཁོ་བོའི་ཨ་མའི་ཡུལ་གྱི་རོམ་མཛེས་དགོན་པར་མ་བཞུགས་པར་བླ་མ་བསོད་ནམས་བཟང་པོའི་སྐུ་མདུན་དུ་བཞུགས། ཁོ་བོ་ལོ་གཅིག་ཙམ་སོན་པ་ན་ཡོངས་ལྷ་དགོན་པ་ཞེས་པའི་འཇིགས་མེད་གླིང་པའི་སློབ་མ་འཇིགས་མེད་ཀྱིས་ཕྱག་བཏབ་པའི་དགོན་པར་མེས་མེས་བླ་མ་སྐུ་འཁོར་བླ་སློབ་དང་བཅས་པ་དང་ལྷན་དུ་བཞུགས། དེ་དུས་སུ་ཨ་ལྕེ་སྤྱན་བཟང་ལྷ་མོ་ཡང་ཁོ་བོའི་བུ་རྫིའི་ཚུལ་དུ་མཉམ་དུ་ཡོད་པར་བཤད། འོན་ཀྱང་བསོད་ནམས་ཀྱིས་མ་ལྕོགས་པར་ཁོ་བོའི་ཡབ་རྗེ་ཡོངས་ལྷ་དགོན་པར་མེས་མེས་བླ་མའི་སྐུ་མདུན་དུ་སྔ་དྲོའི་ཆ་ཞིག་ལ་ཞིང་གཤེགས། དེ་ནས་བཟུང་ཁོ་བོའི་མ་ཡུམ་རང་ཡུལ་དུ་མ་ལོག་ཀ་མེད་བྱུང་། 

Comments